Showing posts with label ལུང་ཕྱོགས་ཀྱི་མིང་གནས་བྱུང་ཚུལ།. Show all posts
Showing posts with label ལུང་ཕྱོགས་ཀྱི་མིང་གནས་བྱུང་ཚུལ།. Show all posts

2018/08/28

འབོལ་སྒར་ན།


༉ ས་དགའ་བ་འབྲུག་གི་གཡུས་ལུ་སྨོ། །ཉམས་དགའ་བ་འབོལ་སྒར་ལུང་པ་ཆགས། །ཕམ་སྤུན་ཆ་བྱང་ཆུབ་སེམས་དཔའི་རིགས། །བྱམས་བརྩེ་བའི་ཕྱུག་པའི་གཡུས་གཅིག་ཨིན། །ཡར་ལ་སྟོད་སིང་ཅུ་ལ་མོའི་གདོང་། །མར་བསྟོད་པའི་གཡུས་ཀྱི་རི་མགོ་ལུ། །བར་ཤིང་དང་མེ་ཏོག་སྨན་སྣ་ཡིས། །གཡུས་འབོལ་སྒང་ལྷ་ཡུལ་བཟུམ་ཆགས་ཡོད། །གཡུས་བཀོད་པ་གསེར་གྱི་གཞོང་མ་བཟུམ། །ཕྱི་ལྕགས་རི་ཤིང་ཆེན་སྨན་གྱིས་བརྒྱན། །ནང་འབྲུ་ན་དགུ་ཡིས་ལོ་ཏོག་གིས། །གཡུས་འདི་ནང་དགའ་བའི་མེ་ཏོག་ཤར། །ཞལ་གསུང་ཐངས་ཁུ་བྱུག་སྔོན་མོ་བཟུམ། །འཛུམ་འཇའ་བ་ལྷ་ཡི་བུ་མོ་འདྲ། །གཡུས་འདི་དང་འདྲ་བ་འཇིག་རྟེན་ན། །ཡོད་ཟེར་འདི་མ་མནོ་མཉམ་རོགས་ཚུ། །གཡུས་བོད་སྒར་ལུང་པའི་རིགས་འདི་སྨོ། །རོགས་གཞན་གྱིས་བཤད་ཚེ་བོད་རིགས་ཟེར། །དེ་མ་བདེནམ་དངོས་སུ་ལག་བཟུང་མས། །ད་བརྟག་ཤིང་དཔྱད་ཤིག་མཁས་པ་ཚུ། །བུ་རང་གིས་དཔྱད་པའི་ལོ་རྒྱུས་ཅིག །དུས་ད་རིས་རྫོང་ཁ་སླབ་ཐངས་ནང་། །ཚིག་སྙན་པའི་སྙན་ངག་མ་ཤེས་རུང་། །གཏམ་ཡི་གེའི་ཐོག་ཏུ་ཞུ་ནི་ཨིན། །དུས་ད་ལྟོ་ཚུན་ཚོད་གཡུས་ཀྱི་མིང་། །འབོལ་སྒང་ཟེར་མིན་པ་བོད་སྒར་ཟེར། །ཞལ་གསུང་བའི་སྒྲ་གདངས་བརྟག་ཤིང་ན། །བོད་སྒར་ཟེར་སླབ་སྲོལ་དར་ཁྱབ་སོང་། །བོད་སྒར་ཟེར་གསུང་བའི་ཚིག་ལུ་བརྟགས། །གཞན་མཁས་པས་བོད་པའི་རིགས་ཨིན་ཟེར། །ཡིག་སྡེབ་ལུ་བལྟ་སྟེ་སླབ་མས་ཟེར། །དེ་ཤེས་པར་མཛོད་ཅིག་མཉམ་རོགས་ཚུ། །བོད་སྒར་ཟེར་ཡོད་པའི་གཡུས་འདི་ནི། །ག་ཏེ་སྨོ་ཟེར་ཏེ་ཞུ་བ་ཅིན། །ཐིམ་ཡུལ་གྱི་རྟ་མགོའི་རྩ་བ་ལུ། །བོད་སྒར་ཟེར་བོད་པའི་རིགས་ཅིག་ཡོད། །སྟོད་པའི་གཡུས་ཁ་སྟོད་ཁ་སྨད་ལས། །ཁ་སྟོད་ལུ་ཆགས་པའི་གཡུས་ཀྱི་མིང་། །བོད་སྒར་ཟེར་མེན་པ་འབོལ་སྒར་ཟེར། །ད་ཤེས་པར་མཛོད་ཅིག་སྤུན་ཆ་ཚུ། །འབོལ་སྒར་ཟེར་ཁ་མཁས་ལྕེ་བདེ་བཀལ། །སླབ་མས་ཟེར་མནོ་བསམ་མ་གཏང་ཤིག །ད་ང་གིས་གསལ་ཏེ་ཞུ་ནི་ཨིན། །ད་ཁྱེད་རང་ལེགས་པོར་གསོན་གནང་མས། །ཕ་དཔལ་ལྡན་འབྲུག་པ་རིན་པོ་ཆེ། །བླམ་ཞབས་དྲུང་ག་དབང་རྣམ་རྒྱལ་གྱི། །མར་སློབ་མ་ཁྲི་དང་འབུམ་ནང་ལས། །ཁོ་མཁས་པ་གྲུབ་པའི་དབང་ཕྱུག་ཟེར། །བླམ་ངག་དབང་བསམ་གཏན་རྣམ་ཐར་ལས། །གསུང་ཡོད་པ་ཀུན་གྱིས་ཤེས་དགོཔ་ཨིན། །འབོལ་སྒར་ཟེར་ཚིག་གི་དོན་དག་འདི། །ས་རྩུབ་པ་མེན་པ་འཇམ་པ་ལུ། །ཆོས་ཚིག་ནང་འབོལ་པ་སླབ་སྲོལ་འདུག །དཔེ་འདི་དང་འདྲ་བ་འཇམ་པའི་རིགས། །མི་གཤིས་ཀ་འཇམ་པའི་རིགས་ཚུ་ལུ། །འབོལ་པོ་ཟེར་སླབ་སྲོལ་ཡོད་པ་ལས། །གཡུས་འདི་གི་མིང་ཡང་འབོལ་སྒར་ཟེར། །གཏམ་གྲགས་ཏེ་འོང་པ་ཤེས་དགོཔ་ཨིན། །རང་གཡུས་ཀྱི་ཕམ་དང་སྤུན་ཆ་གིས། །དུས་དེ་ལས་ཕར་ཚུ་རང་གཡུས་མིང་། །བོད་སྒར་ཟེར་མེན་པ་འབོལ་སྒར་ཟེར། །གསུང་གནང་བའི་རེ་བ་ཞུ་དོ་ལགས། །བུ་ཤེས་བྱ་ཆུང་བའི་སྟབས་ལས་བརྟེན། །ཡར་གོང་ལས་ཞུ་བའི་ཚིག་དང་དོན། །ནོར་བ་དང་འཛོལ་བ་འབྱུང་སྲིད་པས། །ད་བཟོད་པ་བཞེས་ཤིག་སྙིང་ཚིག་གོ། །
འབྲི་མི་སངས་རྒྱས་འབྲུག་པ་མཁའ་འགྲོ།

དཀར་གཞོང་གི་རྒྱབ་ཁུངས།


༉ དཀར་གཞོང་ཟེར་བའི་གཡུས་ཚན་འདི་  རྫོང་ཁག་ཀྲོང་གསར་ རྒེད་འོག་ནུབ་སྦི་ལུ་ གཡུས་ཚན་ཉམས་དགའ་ཏོག་ཏོ་ཅིག་གི་གྲས་ཁར་ཨིན།
དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་ བོད་ཁ་བ་ཅན་གྱི་ལྷོ་ཕྱོགས་ ང་བཅས་རང་དཔལ་ལྡན་འབྲུག་པའི་ས་ཡི་ལྟེ་བ་ དབུས་ཕྱོགས་རྫོང་ཁག་ནང་ཆགས་ཏེ་ཡོད། གཡུས་ཚན་འདི་རང་བཞིན་གྱིས་ཕུན་སུམ་ཚོགས་མི་དེ་ཡང་ ཧེ་མ་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་ལུ་ ཆོས་རྒྱལ་དྲི་མེད་ཀུན་ལྡན་དང་ བྱང་ཆུབ་སེམས་དཔའ་ཚུ་གིས་ སྤྱོད་པ་བསྐྱངས་པའི་གནས་བདུད་རིགས་ཧ་ཤང་རི་ལས་ཐག་ཉེ་སར་དང་། ཨྱོན་གུ་རུ་རིན་པོ་ཆེ་གིས་ ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་གནངམ་མ་ཚད་ ཞབས་རྗེས་དང་སྐུ་རྗེས་ཚུ་ མ་འོངས་པའི་སེམས་ཅན་ཚུ་གི་དད་རྟེན་ལུ་བཞག་གནང་བའི་ ས་གནས་ཁྱད་པར་ཅན་ཅིག་ཨིན།
གཡུས་ཚན་འདི་གི་མིང་དཀར་གཞོང་ཟེར་མི་བཏགས་དགོ་མི་འདི་ གཡུས་འདི་ནང་སྐྱེས་མི་ཚུ་ ཕྱི་བལྟ་བའི་གདོང་དཀར་བའི་ཁར་ ནང་མནོ་བའི་སེམས་བཟང་པོ་དང་ལྡན་པའི་སྒྲ་དཀར་ལུ་སྦྱར་ཏེ་དཀར་དང་ གཡུས་འདི་དབྱིབས་གཞོངམ་དང་འདྲཝ་སྦེ་ཡོདཔ་མ་ཚད་ གངས་དཀར་སྤུན་གསུམ་ལས་འབབ་པའི་ མང་སྡེ་ཆུ་འདི་ཡང་མདོག་དཀར་བའི་ཁར་ འབྲུ་སྣའི་དགུདང་ཤིང་འབྲས་ཀྱི་རིགས་ཚུ་ཡང་ཧ་ལམ་ཅིག་ཚོ་ཚུགསཔ་ལས་ ཕུན་སུམ་ཚོགས་པའི་རྒྱུ་མཚན་གྱིས་ གཡུས་ཀྱི་མིང་ཡང་དཀར་གཞོང་ཟེར་དར་ཁྱབ་སོང་ནུག
དེ་ལས་གཡུས་ཀྱི་རྒན་ཤོས་ཚུ་གི་ཞལ་རྒྱུན་ལས་འབད་བ་ཅིན་ སའི་ཆགས་ཐངས་ཟངས་གཞོང་་ཁ་སྤུབ་བཞག་བཞགཔ་བཟུམ་གུ་  ཕགཔ་ཕོ་མོ་གཉིས་ཀྱིས་ ཚང་བཟོ་ཡོད་མི་འདི་གུ་ གཡུས་ཚན་ཆགས་ཡོད་ནི་འདི་གིས་ དཀར་གཞོང་ཟེར་སླབ་སྲོལ་དར་ཁྱབ་སོང་ཡོདཔ་སྦེ་བཤདཔ་ཨིནམ་ད། དེ་ཡང་མང་་སྡེ་པའི་ཁ་སྐད་ནང་ ཕག་པའི་ཚང་ལུ་དཀར་ཟེར་སླབ་སྲོལ་ཡོདཔ་ཨིན་པས།
འབྲི་མི་ ཉམ་ཆུང་བུ།

2018/03/28

གསོལ་ཐབ་བྱོན་སའི་ས་གནས་ཀྱི་མིང་།


༉  རྫོང་གཞིས་ཕན་ཚུན་གཉིས་ལུ་ གསོལ་ཐབ་ཕར་ཚུར་བྱོན་པའི་སྐབས་ཀྱི་ ས་གནས་ཁག་གི་མིང་། བཀྲ་ཤིས་ཆོས་རྫོང་། ཐ་བྲག་གླིང་ཤིང་རྩ་བ། ལྕང་གླིང་མའི་ཐང་། ལུང་བསྟན་ཟམ་པ། ས་དམར་རྫིང་ཁ། ཅང་ལུང་སྟོད། རུས་ཆད་ལྷ་ཁང་། སེམས་རྟོགས་ཁ། མེ་མདའ་སྤོ་ཏོ། འོད་གསལ་སྤང་། ལྷུང་ཚོ་ཀུན་ར། གླ་ཀོང་བཙིག་ཀོང་། རྡོ་ཀྱོང་གསེར་གྱི་ཐང་། སྡོང་སྦོ་བ། རྡོ་ཀྱོང་ལ། བླམ་དཔལ་རི། རྡོ་ཀྱོང་གསེར་གྱི་གཟར་ཅུང་། རྡོ་ཀྱོང་གསེར་གྱི་གཞོངམ། སྟགམོ་ཞོབ་ས། ཚ་རྡོ་སྤེག་ས། རྨ་བྱ་འཁྱམ་ས། སྤང་དབང་ཁ། ལུང་པའི་མགུ། ལྕམ་ཟེར་སྤང་། ལྕམ་ཟེར་ན། ཕན་ཙི་རི་ལུངམ། ཕྲིན་ལས་སྒང་། མཆོད་རྟེན་སྒང་། ལུང་འགྱམ་གོང་མ། ཕྱག་མདའ་ཟམ། ཕྱག་མདའ་ན། སྦུལ་མེད་རྐེད་པར་བཏོག་ས། འཕེལ་བ་རྡོ་ལེབ། གསོལཝ་དྲང་ས། དགོན་ཅུང་ན། དར་འཕྱར་སྒང་། ཕྱག་འཚལ་མཆོད་རྟེན། རྟ་བབ་མཆོད་རྟེན། མོ་ཆུ་ཕར་ཀ དར་ཤིང་རྩ་བ། སྤུངས་ཐང་རྫོང་།

དྲན་གསོ། 

ལྟག་ལུ་བྲིས་ཡོད་པའི་ས་གནས་ཁག་གི་མིང་ཚུ་  མཐའ་དཔྱད་ཀྱི་ཞུ་དག་འབད་འབདཝ་མེནམ་ལས་ ཐུགས་རྒྱུས་ཡོད་མི་ཆ་ཁྱབ་ཀྱིས་བཅོ་ཁ་རྐྱབ་སྟེ་བཀའ་དྲིན་བསྐྱང་གནང་།

ཤར་སྤྱི་ཏོག་ཁ།


དེ་མ་ཚད་སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་༢པ་ བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་ དགུང་ལོ་༣༨ལུ་ ཤར་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་གི་ གཙུག་ལག་ཁང་གི་རྨང་གཞི་བཙུགས་ཏེ་ ལོ་གསུམ་གྱི་ནང་འཁོད་ གཙུག་ལག་ཁང་ཕྱི་ནང་རྟེན་དང་བཅས་པར་ཡོངས་སུ་བསྒྲུབས་པ་དང་ རྨང་གཞི་རྡོ་ལུ་ ཞབས་རྗེས་བཞག་གནང་མི་དེ་ ད་ལྟོའི་བར་ན་ཡང་དད་པའི་རྟེན་ལུ་བཞུགས་ཡོདཔ་དང་ ནང་རྟེན་ཡང་གུ་རུ་མཚན་རྟགས་དང་། གནས་བརྟན་བཅུ་དྲུག། རྒྱ་གར་གྱི་རིག་འཛིན་བརྒྱད་ཀྱི་ལྡེབས་རིས་དང་ འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་འདྲ་ལ་སོགས་པ་ མང་རབས་ཅིག་བཞེངས་ཡོད་རུང་ ཤུལ་ལས་གནམ་ལོ་ཤིང་རྟ་ལོ་ལུ་ ས་གཡོམ་སྦོམ་ཅིག་གིས་མེདཔ་བཏངམ་ལས་ དགུང་ལོ་༨༢བཞེསཔ་ད་ ད་རུང་ཉམས་གསོ་ཞུ་དགོཔ་བྱུང་ནུག 
རྗེ་དགུང་ལོ་༥༩བཞེས་པའི་སྐབས་ སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ བཀོད་པ་ཁྱད་དུ་འཕགས་པ་ལོ་ངོ་བཞིའི་བར་ན་ གཙུག་ལག་ཁང་རྟེན་དང་བཅས་པར་བསྒྲུབས་ཏེ་ བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་གི་རབ་གནས་མཛད་པ་བཟུམ་སྦེ་ དུས་སྟོན་རྒྱས་པར་མཛད་ནུག 
ཆོས་མེད་རུང་བླ་མའི་གྲྭཔ་དགའ།།འབང་མེད་རུང་དཔོན་གྱི་གཡོག་དགའ།།ཟེར་དོ་བཟུམ་སྦེ་ སྒང་སྟེང་སྤྲུལ་སྐུ་རིམ་བྱོན་ཚུ་ སྐྱབས་རྗེ་རིམ་བྱོན་དང་གཞུང་སྡེ་སྲིད་ཚུ་དང་ མཉམ་འབྲེལ་དམ་ཟབ་ཡོདཔ་ལས་བརྟེན་ སྒང་སྟེང་པའི་ཁྱལཔ་ཚུ་གི་ གཞུང་ལུ་ཁྱལ་འཐུས་འུར་ལཱ་རྒྱུག་མི་དགོ་པ་ སྒང་སྟེང་གསང་སྔགས་ཆོས་གླིང་ལུརྡོ་རྗེ་སློབ་དཔོན། དབུ་མཛད། སྐུ་དྲུང་། ཆོས་དཔོན། གཉེར་ཆེན། ཕྱག་མཛོད་པའི་གོ་གནས་ཀྱི་རིམ་པ་ཚུ་གཞུང་མདའ་ཕན་ཚུན་དང་དབྱེ་བ་མེད་པའི་ལུགས་སྲོལ་ཡོདཔ་ཨིན་པས། སྒང་སྟེང་གསང་སྔགས་ཆོས་གླིང་འདི་གནམ་བྱཱར་གྱི་བཞུགས་གནས་དང་ ཤར་སྤྱི་ཏོག་ཁ་འདི་ གནམ་དགུན་གྱི་བཞུགས་གནས་ཨིན་པས།

སྒང་སྟེང་།


སྒང་སྟེང་གི་ས་ཁོངས་ཀྱི་བཀོད་པ་འདི་ ཕོབ་སྦྱིས་ཁ་ལས་ལྟ་བ་ཅིན་ ཐང་གི་སྦུག་ལུ་མནྜལ་ཕུལཝ་དང་འདྲའི་སྒང་ཏོག་གུ་ ལ་རྩཔ་དགུའི་སྟེང་ལུ་ཆགས་ཏེ་ཡོད་ནི་འདི་གིས་ ཟངས་མདོག་དཔལ་རི་གཉིས་པ་སྦེ་ཆ་བཞགཔ་ཨིན་པས། ལ་དགུ་དེ་ཡང་། ༡ཤར་སི་ལ། ༢ལ་ཝ་ལ། ༣བུམ་ཐང་ཁ་ཐུག་ལས་ལྕེ་ལྕེ་ལ། ༤རུ་ཁུ་སྦྱིས་ཁ་ཐུག་ཚ་ལི་ལ། ༥ཅན་དན་སྦྱིས་ཁ་ཐུག་ལམ་སེལ་ལ། ༦རུ་ཁ་ལས་བརྒལ་ལས་ལ། ༧ཨ་ཐང་ལས་ཁ་ཐུག་བཀྲ་ཤིས་ལ། ༨སྒོར་སྒོ་ན་ཁ་ཐུག་ཚེ་ལས་ལ། ༩ངག་དབང་ཁ་ཐུག་བཅོམ་ལྡན་ལ་ཚུ་ཨིན་པས། སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པོ་རྒྱལ་སྲས་པངྨ་འཕྲིན་ལས་མཆོག་གིས་ ཧེ་མ་ཁོ་རའི་ཨ་རྒས་རིན་འཛིན་པདྨ་གླིང་པ་གིས་ ལུང་བསྟན་ཏེ་བྱིན་གྱིས་བརླབས་པའི་གནས་དང་ པད་གླིང་གཉིས་པ་རྒྱལ་བ་བསྟན་འཛིན་གྲགས་པའི་ བསམ་གཏན་གྱི་བསྟི་གནས་ཨིན་མི་ དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་དེ་  རབ་བྱུང་༡༡པ་སྤྱི་ལོ་༡༦༤༢ལོར་ རྟེན་གསུམ་རྒྱལ་བ་རྒྱ་མཚོ་དང་བཅས་བཞེངས་གནང་པའི་ཁར་ དགེ་འདུན་གྱི་སྡེ་བཙུགས་ཏེ་ དཔལ་གླིང་གི་བསྟན་པ་དར་ཞིང་རྒྱས་ཏེ་འདུག།

བུ་ལི།


གཏེར་བཏོན་རྡོ་རྗེ་གླིང་པ་མཆོག་ གོང་མའི་ལུང་བསྟན་དང་བསྟུན་ཏེ་ བུམ་ཐང་ཆུ་སྨད་ལུ་ འགྲོ་དོན་ལུ་བྱོན་པའི་སྐབས་ གཡུས་ཚན་གྱི་གདོང་ཕྱོགས་སྒང་ཏོག་ཅིག་གུ་བཞུགས་ཏེ་ གདན་ས་བཅག་ནིའི་ལུང་བསྟན་གཟིགསཔ་ད་ རང་བཞིན་གྱིས་ དབུ་ཞྭམ་འཕུར་ཏེ་ ད་ལྟོ་ལྷ་ཁང་ཡོད་སར་ཆགས་ཡོདཔ་ལས་ ས་གནས་ཀྱི་མིང་འཕུར་གླིང་ཟེར་དར་ཁྱབ་སོང་ཡོད་རུང་ ཤུལ་ལས་མིང་གི་ཟུར་ཉམས་ཏེ་ བུ་ལི་ཡར་སོང་ནུག

ཕྲལ་གྱི་གནད་དོན།

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

  མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...