2018/03/28

གསོལ་ཐབ་བྱོན་སའི་ས་གནས་ཀྱི་མིང་།


༉  རྫོང་གཞིས་ཕན་ཚུན་གཉིས་ལུ་ གསོལ་ཐབ་ཕར་ཚུར་བྱོན་པའི་སྐབས་ཀྱི་ ས་གནས་ཁག་གི་མིང་། བཀྲ་ཤིས་ཆོས་རྫོང་། ཐ་བྲག་གླིང་ཤིང་རྩ་བ། ལྕང་གླིང་མའི་ཐང་། ལུང་བསྟན་ཟམ་པ། ས་དམར་རྫིང་ཁ། ཅང་ལུང་སྟོད། རུས་ཆད་ལྷ་ཁང་། སེམས་རྟོགས་ཁ། མེ་མདའ་སྤོ་ཏོ། འོད་གསལ་སྤང་། ལྷུང་ཚོ་ཀུན་ར། གླ་ཀོང་བཙིག་ཀོང་། རྡོ་ཀྱོང་གསེར་གྱི་ཐང་། སྡོང་སྦོ་བ། རྡོ་ཀྱོང་ལ། བླམ་དཔལ་རི། རྡོ་ཀྱོང་གསེར་གྱི་གཟར་ཅུང་། རྡོ་ཀྱོང་གསེར་གྱི་གཞོངམ། སྟགམོ་ཞོབ་ས། ཚ་རྡོ་སྤེག་ས། རྨ་བྱ་འཁྱམ་ས། སྤང་དབང་ཁ། ལུང་པའི་མགུ། ལྕམ་ཟེར་སྤང་། ལྕམ་ཟེར་ན། ཕན་ཙི་རི་ལུངམ། ཕྲིན་ལས་སྒང་། མཆོད་རྟེན་སྒང་། ལུང་འགྱམ་གོང་མ། ཕྱག་མདའ་ཟམ། ཕྱག་མདའ་ན། སྦུལ་མེད་རྐེད་པར་བཏོག་ས། འཕེལ་བ་རྡོ་ལེབ། གསོལཝ་དྲང་ས། དགོན་ཅུང་ན། དར་འཕྱར་སྒང་། ཕྱག་འཚལ་མཆོད་རྟེན། རྟ་བབ་མཆོད་རྟེན། མོ་ཆུ་ཕར་ཀ དར་ཤིང་རྩ་བ། སྤུངས་ཐང་རྫོང་།

དྲན་གསོ། 

ལྟག་ལུ་བྲིས་ཡོད་པའི་ས་གནས་ཁག་གི་མིང་ཚུ་  མཐའ་དཔྱད་ཀྱི་ཞུ་དག་འབད་འབདཝ་མེནམ་ལས་ ཐུགས་རྒྱུས་ཡོད་མི་ཆ་ཁྱབ་ཀྱིས་བཅོ་ཁ་རྐྱབ་སྟེ་བཀའ་དྲིན་བསྐྱང་གནང་།

ཤར་སྤྱི་ཏོག་ཁ།


དེ་མ་ཚད་སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་༢པ་ བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་ དགུང་ལོ་༣༨ལུ་ ཤར་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་གི་ གཙུག་ལག་ཁང་གི་རྨང་གཞི་བཙུགས་ཏེ་ ལོ་གསུམ་གྱི་ནང་འཁོད་ གཙུག་ལག་ཁང་ཕྱི་ནང་རྟེན་དང་བཅས་པར་ཡོངས་སུ་བསྒྲུབས་པ་དང་ རྨང་གཞི་རྡོ་ལུ་ ཞབས་རྗེས་བཞག་གནང་མི་དེ་ ད་ལྟོའི་བར་ན་ཡང་དད་པའི་རྟེན་ལུ་བཞུགས་ཡོདཔ་དང་ ནང་རྟེན་ཡང་གུ་རུ་མཚན་རྟགས་དང་། གནས་བརྟན་བཅུ་དྲུག། རྒྱ་གར་གྱི་རིག་འཛིན་བརྒྱད་ཀྱི་ལྡེབས་རིས་དང་ འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་འདྲ་ལ་སོགས་པ་ མང་རབས་ཅིག་བཞེངས་ཡོད་རུང་ ཤུལ་ལས་གནམ་ལོ་ཤིང་རྟ་ལོ་ལུ་ ས་གཡོམ་སྦོམ་ཅིག་གིས་མེདཔ་བཏངམ་ལས་ དགུང་ལོ་༨༢བཞེསཔ་ད་ ད་རུང་ཉམས་གསོ་ཞུ་དགོཔ་བྱུང་ནུག 
རྗེ་དགུང་ལོ་༥༩བཞེས་པའི་སྐབས་ སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ བཀོད་པ་ཁྱད་དུ་འཕགས་པ་ལོ་ངོ་བཞིའི་བར་ན་ གཙུག་ལག་ཁང་རྟེན་དང་བཅས་པར་བསྒྲུབས་ཏེ་ བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་གི་རབ་གནས་མཛད་པ་བཟུམ་སྦེ་ དུས་སྟོན་རྒྱས་པར་མཛད་ནུག 
ཆོས་མེད་རུང་བླ་མའི་གྲྭཔ་དགའ།།འབང་མེད་རུང་དཔོན་གྱི་གཡོག་དགའ།།ཟེར་དོ་བཟུམ་སྦེ་ སྒང་སྟེང་སྤྲུལ་སྐུ་རིམ་བྱོན་ཚུ་ སྐྱབས་རྗེ་རིམ་བྱོན་དང་གཞུང་སྡེ་སྲིད་ཚུ་དང་ མཉམ་འབྲེལ་དམ་ཟབ་ཡོདཔ་ལས་བརྟེན་ སྒང་སྟེང་པའི་ཁྱལཔ་ཚུ་གི་ གཞུང་ལུ་ཁྱལ་འཐུས་འུར་ལཱ་རྒྱུག་མི་དགོ་པ་ སྒང་སྟེང་གསང་སྔགས་ཆོས་གླིང་ལུརྡོ་རྗེ་སློབ་དཔོན། དབུ་མཛད། སྐུ་དྲུང་། ཆོས་དཔོན། གཉེར་ཆེན། ཕྱག་མཛོད་པའི་གོ་གནས་ཀྱི་རིམ་པ་ཚུ་གཞུང་མདའ་ཕན་ཚུན་དང་དབྱེ་བ་མེད་པའི་ལུགས་སྲོལ་ཡོདཔ་ཨིན་པས། སྒང་སྟེང་གསང་སྔགས་ཆོས་གླིང་འདི་གནམ་བྱཱར་གྱི་བཞུགས་གནས་དང་ ཤར་སྤྱི་ཏོག་ཁ་འདི་ གནམ་དགུན་གྱི་བཞུགས་གནས་ཨིན་པས།

སྒང་སྟེང་།


སྒང་སྟེང་གི་ས་ཁོངས་ཀྱི་བཀོད་པ་འདི་ ཕོབ་སྦྱིས་ཁ་ལས་ལྟ་བ་ཅིན་ ཐང་གི་སྦུག་ལུ་མནྜལ་ཕུལཝ་དང་འདྲའི་སྒང་ཏོག་གུ་ ལ་རྩཔ་དགུའི་སྟེང་ལུ་ཆགས་ཏེ་ཡོད་ནི་འདི་གིས་ ཟངས་མདོག་དཔལ་རི་གཉིས་པ་སྦེ་ཆ་བཞགཔ་ཨིན་པས། ལ་དགུ་དེ་ཡང་། ༡ཤར་སི་ལ། ༢ལ་ཝ་ལ། ༣བུམ་ཐང་ཁ་ཐུག་ལས་ལྕེ་ལྕེ་ལ། ༤རུ་ཁུ་སྦྱིས་ཁ་ཐུག་ཚ་ལི་ལ། ༥ཅན་དན་སྦྱིས་ཁ་ཐུག་ལམ་སེལ་ལ། ༦རུ་ཁ་ལས་བརྒལ་ལས་ལ། ༧ཨ་ཐང་ལས་ཁ་ཐུག་བཀྲ་ཤིས་ལ། ༨སྒོར་སྒོ་ན་ཁ་ཐུག་ཚེ་ལས་ལ། ༩ངག་དབང་ཁ་ཐུག་བཅོམ་ལྡན་ལ་ཚུ་ཨིན་པས། སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པོ་རྒྱལ་སྲས་པངྨ་འཕྲིན་ལས་མཆོག་གིས་ ཧེ་མ་ཁོ་རའི་ཨ་རྒས་རིན་འཛིན་པདྨ་གླིང་པ་གིས་ ལུང་བསྟན་ཏེ་བྱིན་གྱིས་བརླབས་པའི་གནས་དང་ པད་གླིང་གཉིས་པ་རྒྱལ་བ་བསྟན་འཛིན་གྲགས་པའི་ བསམ་གཏན་གྱི་བསྟི་གནས་ཨིན་མི་ དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་དེ་  རབ་བྱུང་༡༡པ་སྤྱི་ལོ་༡༦༤༢ལོར་ རྟེན་གསུམ་རྒྱལ་བ་རྒྱ་མཚོ་དང་བཅས་བཞེངས་གནང་པའི་ཁར་ དགེ་འདུན་གྱི་སྡེ་བཙུགས་ཏེ་ དཔལ་གླིང་གི་བསྟན་པ་དར་ཞིང་རྒྱས་ཏེ་འདུག།

བུ་ལི།


གཏེར་བཏོན་རྡོ་རྗེ་གླིང་པ་མཆོག་ གོང་མའི་ལུང་བསྟན་དང་བསྟུན་ཏེ་ བུམ་ཐང་ཆུ་སྨད་ལུ་ འགྲོ་དོན་ལུ་བྱོན་པའི་སྐབས་ གཡུས་ཚན་གྱི་གདོང་ཕྱོགས་སྒང་ཏོག་ཅིག་གུ་བཞུགས་ཏེ་ གདན་ས་བཅག་ནིའི་ལུང་བསྟན་གཟིགསཔ་ད་ རང་བཞིན་གྱིས་ དབུ་ཞྭམ་འཕུར་ཏེ་ ད་ལྟོ་ལྷ་ཁང་ཡོད་སར་ཆགས་ཡོདཔ་ལས་ ས་གནས་ཀྱི་མིང་འཕུར་གླིང་ཟེར་དར་ཁྱབ་སོང་ཡོད་རུང་ ཤུལ་ལས་མིང་གི་ཟུར་ཉམས་ཏེ་ བུ་ལི་ཡར་སོང་ནུག

ཙ་ཀ་ཀླིང་།


ཧེ་མ་ཤར་ཕྱོགས་པའི་གཤན་པ་ཅིག་ ཀུར་སྟོད་བཙན་མཁར་ལ་སྡོང་བུ་ཐང་ཟེར་སར་ ཤ་བདའ་བར་སོང་སྟེ་ ཤར་ཕྱོགས་ཁ་ཐུག་ལོག་པའི་སྐབས་ ག་ནེ་བ་ཉམས་དགའ་བའི་སྒང་ཏོ་ཅིག་གུ་ལྷོདཔ་ད་ ས་གནས་འདི་ནང་ རི་དྭགས་སེམས་ཅན་མང་ཧེད་རྫོགསཔ་ཅིག་ཡོད་པའི་གྲས་ལས་ སྟག་གི་ཕྱུག་ཀུ་ཅིག་བཟུང་ཞིནམ་ལས་ ད་རིས་ཁྱོད་ས་གནས་སྤང་འགྱོ་དོ་ཟེར་སླབ་ནི་འདི་གིས་ ས་ཁོངས་ཀྱི་མིང་ཡང་གཡང་ལ་སྤང་ཟེར་དར་ནུག དེ་ལས་རིམ་པར་བཞིན་འོང་པའི་ལམ་བར་ན་ སྟག་གི་ཕྱུག་ཀུ་འདི་འབྱང་ད་རུང་ གཤོང་ཅིག་ནང་ལུ་གཡིབ་སྡོད་སར་མཐོང་སྟེ་ ས་གནས་ཀྱི་མིང་སྒུམ་གྲང་ཟེར་བཏགས་ནུག ཚངས་ལ་ཁ་སྐད་ནང་སྒུམ་ཟེར་མི་འདི་གཡིབ་སྡོད་མི་ལུ་སླབ་ཨིན་པས།དེ་ལས་ཞག་ལམ་བར་ན་ལུས་པའི་ནམ་དུས་ལུ་ ནུབ་མོ་སྟག་བྱོག་འགྱོཝ་འོང་མནོ་སྟེ་ རྡོའི་ཨ་ལོང་གུ་ཐགཔ་བཏགས་བཞག་སྦེ་ ཁོ་རང་གིས་རྡོ་འདི་གུ་ལས་ར་བརྡར་རྡོ་བརྒྱ་གཅིག་བཏོན་ཡོད་ནི་འདི་གིས་ ས་གནས་ཀྱི་མིང་ཡང་ སྟག་ཧམ་རྡོ་བ་ཟེར་དར་ཁྱབ་སོང་ཡོད་རུང་ ད་རིས་ནངས་པ་སྟག་ཧམ་རྡོ་ཟེར་སླབ་ཨིན་པས། དེའི་ནངས་པ་ག་ནེ་བ་ཉམས་དགའ་བའི་ ཨྱོན་རིན་པོ་ཆེའི་སྦས་གནས་ཁྱད་པར་ཅན་གྱི་སྦོ་ལོགས་ཁར་ལྷོད་པའི་བསྒང་ལས་ སྟག་གི་ཕྱུག་ཀུ་འདི་འུ་སྡུག་ཐང་ཆད་ ཧིང་སུབ་སྤར་སུབ་འཐབ་སྟེ་ འབུང་བཏང་སར་མཐོངམ་ལས་ ས་གནས་ཀྱི་མིང་སྟག་ཧམ་ཟེར་དར་ཡོད་རུང་ ཤུལ་ལས་སྒྲ་ཟུར་ཉམས་ཏེ་ སྟག་ཁམ་སྦི་ཟེར་དར་ཁྱབ་སོང་ནུག

སྟངས་སི་སྦི།


བུམ་ཐང་སྡེ་བཞི་ལས་ གཡུས་ཀྱི་མིང་སྟངས་སི་སྦི་ཟེར་མི་འདི་ ཧེ་མ་འབད་བ་ཅིན་ སྟངས་རྒེད་འོག་གི་འོག་ལུ་ཨིན་རུང་ སྟངས་དང་ཕྱདཔ་ད་ ཨུ་ར་གཡུས་ཚན་གྱི་སྦོ་ལོགས་ཨིནམ་ལས་ ཨུ་ར་རྒེད་འོག་ལུ་བརྡབ་ནུག སྟངས་ཟེར་མི་འདི་སྟངས་གཡུས་ཀྱི་སྦོ་ལོགས་ཁར་ཨིནམ་མ་ཚད་ སྦི་ཟེར་མི་འདི་བུམ་ཐང་པའི་ཁ་སྐད་ནང་བྱིན་ཡི་ཟེར་སླབ་ལས་ཚིག་གཉིས་གཅིག་ཁར་སྡོམ་སྟེ་སྟངས་སྦི་ཟེར་དར་ཁྱབ་སོང་ནུག ཨིན་རུང་སླབ་ངོ་བདེ་བའི་ཁྱད་པར་གྱིས་ད་རིས་ནངས་པ་སྟངས་སི་སྦི་ཟེར་སླབ་ཨིན་པས། དུས་རབས་༡༤པའི་ནང་གཏེར་སྟོན་ཤེས་རབ་མེ་འབར་གྱིས་ ས་གནས་དེ་ནང་ཞབས་བཅགས་བྱིན་གྱིས་བརླབས་གནངམ་མ་ཚད་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ རང་ཟླ་དང་པའི་ཚེས་བཅོ་ལྔ་ལས་ཉིནམ་གསུམ་གྱི་རིང་སྟངས་སི་མ་ཎི་གཞི་བཙུགས་གནང་མི་འདི་ ད་ལྟོའི་བར་ན་ཡང་མ་ཉམས་པར་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས།

ཕྲལ་གྱི་གནད་དོན།

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

  མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...