2023/05/08

ངོ་སྤྲོད།

༉ འཛམ་གླིང་རྒྱལ་ཁབ་ག་ཏེ་ཡང་ རྒྱལ་ཡོངས་སྐད་ཡིག་ཅིག་ངོས་འཛིན་འབད་དེ་ གཞུང་འབྲེལ་གྱི་ཕྱག་ལཱ་ག་ཅི་ར་ཨིན་རུང་ རྒྱལ་ཡོངས་སྐད་ཡིག་གི་ཐོག་ལས་མཛད་སྲོལ་ཡོདཔ་ཨིན་རུང་ དུས་དང་བསྟུན་ཏེ་ རང་གི་ཁ་སྐད་བ་འདི་ རྒྱལ་ཁབ་གཞན་གྱི་ཁ་སྐད་ལུ་དང་འདོད་བསྐྱེད་མི་མང་སུ་འཐོན་མི་འདི་ ལུགས་སྲོལ་བཟུམ་ཅིག་ཨིན་པས། ཨིན་རུང་ རྒྱལ་ཁབ་ལ་ལུ་ཅིག་གིས་ རང་སོའི་ཁ་སྐད་འདི་ རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་ཅིག་ཨིནམ་ཤེས་ཏེ་ རང་གི་ཁ་སྐད་གཙོ་བོར་བཏོནམ་མ་གཏོགས་ རྒྱལ་ཁབ་གཞན་གྱི་ཁ་སྐད་ཚུ་མ་ཤེསཔ་བཟུམ་བཟོ་སྟེ་ རང་གི་རྒྱལ་ཡོངས་སྐད་ཡིག་འདི་ར་གཙོ་བོར་བཏོནམ་ཨིན་པས། 
ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཡང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཁ་ལས་སླབ་ནི་དང་ ཡིག་ཐོག་ལུ་འབྲི་ནི་སྟབས་བདེ་ཏོག་ཏོ་སྦེ་ཡོད་རུང་ ད་ལྟོའི་གནས་སྟངས་ལུ་ཆ་དཔག་ལྟཝ་ད་ རྒྱལ་ཡོངས་སྐད་ཡིག་ལུ་དང་འདོད་བསྐྱེད་མི་གངམ་མེདཔ་མ་ཚད་ འདིའི་ནང་ལས་ཧེ་མ་ལས་སླབ་སྲོལ་ཡོད་པའི་རྫོང་ཁའི་ངག་གཤིས་སླབ་མི་འདི་ གནམ་མེད་ས་མེད་་ཉུང་ར་ཉུང་པས། 
རྫོང་ཁ་སླབ་ཐངས་ཀྱི་སྡེ་ཚན་བཟོ་དགོ་མི་དེ་ཡང་ རྒྱལ་ཁབ་རང་བཙན་ལུ་ ཤོ་མཉམ་རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་དར་ཁྱབ་གཏང་ནི་དང་། དེའི་ནང་ལས་ཡང་སླབ་དགོ་་བདེ་ཏོག་དང་ ཉན་དགོ་མནོ་སི་སི་སྦེ་ཡོད་པའི་ རྫོང་ཁའི་ངག་གཤིས་རྒྱབ་ཁར་ལུས་མི་ཚུ་ གདོང་ཁར་བཏོན་ཏེ་དར་ཁྱབ་གཏང་ནི་ལུ་གཙོ་བོར་བཏོནམ་ཨིནམ་ལས་ ཕོག་ལམ་དང་མ་འཁྲིལ་པའི་་རྫོང་ཁའི་མིང་ཚིག་བདེ་ཏོག་ཏོ་མེད་མི དེ་ལས་མི་མང་གིས་འཇམ་ཏོང་ཏོ་སྦེ་ཧ་གོ་མ་ཚུགས་པའི་མིང་ཚིག་ཚུ་ དང་ཕུ་ག་དེ་སྦེ་སླབ་དོཝ་ཨིན་ན་དབྱེ་བ་དཔྱད་དེ་བསྟུན་གྲོས་རྐྱབ་ཞིནམ་ལས་ ག་ར་གིས་ཧ་གོ་ཚུགས་པའི་ཐབས་ལམ་བཏོན་ནི། དེ་ལས་རྫོང་ཁ་ཕྱེད་དག་ཀོ་དག་སྦེ་སླབ་མི་ཚུ་ རྗོད་སྒྲ་དག་ཆ་བཏོན་ཏེ་སླབ་ཚུགསཔ་བཟོ་ནི་ཨིན། 
མ་གཞི་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་དར་ཁྱབ་གཏང་ནིའི་ཐབས་ལམ་མང་རབས་ཅིག་བརྩམས་ཏེ་ཡོད་པའི་གྲས་ལས་ རྒྱབ་རྟེན་གྱི་དཔེ་དེབ་མང་རབས་ཅིག་གསརཔ་བཏོན་ཡོད་པའི་ཁར་ འདིའི་ནང་ལས་རྫོང་ཁའི་ཚིག་མཛོད་ཕྱོགས་བསྒྲིགས་འབད་ཡོད་མི་འདི་ནང་ ངག་གཤིས་ཀྱི་མིང་ཚིག་རྒྱགས་ཚད་ཚུད་ཡོད་རུང་ གཡོག་བཀོལ་ནི་ནང་དེ་འཚམས་ཅིག་སྦེ་ལུས་མི་འདི་ ཡིག་ཐོག་ལུ་ཤུགས་བཏོན་ དངོས་སུ་སླབ་ནི་ལུ་སྦྱང་བ་མ་གནང་པའི་སྐྱོན་མེན་ན་ཟེར་མནོཝ་མས། 
མ་པ་ཁུངས་ཐུབ་དང་ ཡིད་ཆེས་ཚུགས་པའི་ཞིབ་འཚོལ་འབད་འབདཝ་ཅིག་ག་ནེ་ཡང་མེད་རུང་ དུམ་གྲ་ཅིག་དབྱེ་བ་དཔྱད་དེ་ལྟཝ་ད་ དེ་སྦེ་མེན་ན་ཟེར་མནོ་སྟེ་ རྒྱུ་མཚན་དེ་ལུ་བཞག་ཏེ་ མི་སྡེའི་བརྡ་བརྒྱུད་ཝི་ཅེཊ་ཀྱི་ཐོག་ལས་ ངག་གཤིས་ལུ་སྦྱང་བ་ཡོད་མི་དང་ རྗོད་སྒྲ་དག་ཆ་བཏོན་ཚུ་མི་ཆ་ཁྱབ་ཀྱིས་ གོ་བརྡ་སྤེལ་ཚུགས་པ་ཅིན་ ཕན་ཐོགས་མ་གཏོགས་གནོད་པ་མི་འབྱུང་ནི་ཨིན་པས་ཟེར་ རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ཟླ་༤པའི་ཚེས་༡༩ སྤྱི་ལོ་༢༠༡༦སྤྱི་ཟླ་༥པའི་ཚེས་༢༥ རེས་གཟའ་ཕུརབུ་ དྲོ་པ་ཆུ་ཚོད་༨ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་འདི་བཟོ་བཟོཝ་ཨིན།།
                                      






No comments:

ཕྲལ་གྱི་གནད་དོན།

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

  མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...