Showing posts with label ལུང་ཕྱོགས་ཀྱི་མིང་གནས་བྱུང་ཚུལ།. Show all posts
Showing posts with label ལུང་ཕྱོགས་ཀྱི་མིང་གནས་བྱུང་ཚུལ།. Show all posts

2023/05/08

ས་སྟེང་།

 འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ ཤར་ཕྱོགས་སག་སྟེང་དྲུང་ཁག་འོག་ལུ་ཆགས་ཏེ་ཡོད་མི་ སྡོ་ཉམས་སྤྲོ་བའི་སག་སྟེང་གཡུས་ཚན་འདི་ གནས་མཆོག་རྩ་རི་བསྡུས་པ་བྷ་ག་བྱང་གི་སྦོ་ལོགས་ གམ་གསར་འབྲོག་ལས་བབས་པའི་འབྲུག་ཤར་ཕྱོགས་གམ་རི་གཙང་ཆུའི་འབྱུང་ཁུངས་ཡང་ཡིན་ལ། རྩ་རིའི་གནས་བསྡུས་པ་ལས་ཀྱང་ཤིན་ཏུ་བསྡུས་པ་རྣམས་ཀྱང་ཡུལ་འདི་ཉེ་འཁོར་དུ་ཡོད།སློབ་དཔོན་པདྨ་འབྱུང་གནས་ཀྱིས་མ་འོངས་སྟག་མའི་ལྗོངས་སུ་སྦས་ཡུལ་སྟག་མའི་ལྗོངས་ཞེས་མཚན་ནས་གསོལ་ཏེ་བྱིན་གྱིས་རླབས་གནང་བ་ཡིན། བྱིན་གྱི་རླབས་བཞིན་དུ་མཐའ་བཞི་ཕྱོགས་མཚམས་བརྒྱད་དུ་དགུན་དུས་གངས་རི་དང་། དུས་བཞི་ནགས་རིའི་སྐོར་བ། ཡུལ་གྱི་ཉེ་ཁོར་དུ་སྟག་མ་དང་སྟག་གོར་ཤིང་གི་མེ་ཏོག་མཛེས་ཤིང་ཡིད་དུ་འོང་བ་ཡོད། ཡུལ་ལུང་ཞོགས་གཅིག་ཏུ་རྒྱ་མཚོའི་རྦ་རླབས་གཡོ་བ་ལྟ་བུའི་གམ་གསར་ལས་འབྱུང་བའི་ཕ་རི་གཙང་ཆུ་རྒྱུགས་ལ། ལྗོངས་འདིའི་གཡས་སྟོད་དུ་སག་སྟེང་གུ་རུའི་བླ་བྲང་བསམ་གཏན་ཆོས་གླིང་དང་། གཡོན་སྟོད་དུ་གསོལ་དཔོན་གྱི་དབེན་གནས་རྣམ་རྒྱལ་ཆོས་གླིང་། ཡུལ་མཇུག་ཏུ་བླ་མ་བསྟན་པའི་སྒྲོན་མེས་ཀླུ་དོལ་པ་ནག་པོ་དམ་ལ་བཞག་པའི་བཀྲ་ཤིས་ཆོས་གླིང་ལྷ་ཁང་ཡོད།

སྔོན་དུས་རབས་བཅུ་གཉིས་པའི་ནང་སྨྱུག་མའི་རིགས་ལས་སག་ཟེར་བའི་སག་གིས་སྐོར་ནས་ཡོད་པར་སག་སྟེང་ཞེས་ཐོགས་པ་ཡིན།
ཡུལ་འདིའི་མི་རྒྱུད་ནི་དང་ཐོག་མཚོ་མཚོ་སྣ་ནས་འབྱུང་ལ། ཆོས་བརྒྱུད་ནི་དུས་རབས་བཅོ་ལྔ་པའི་ནང་སག་སྟེང་གུ་རུ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བླ་མ་བསྟན་པའི་སྒྲོན་མེས་སྲོལ་ཕྱེ་གནང་བའི་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཡིན། གྱོན་ཆས་ནི། ཕོ་གོས་རྩིད་ཞྭ་དང་། སྣམ་བུ་ཕྱུ་པ། རྐང་གོས། པི་ཤུབ། པགས་ལྷམ་བཅས་ཡིན། མོ་གོས་རྩིད་ཞྭ་དང་། སྟོད་ཐུང་།  ཤིང་ཁ། པང་ཁེབ་སྐེ་རག སྨད་དཀྱིག་མ། ཙང་ལྷམ། ལྷམ་སྒྲོག་བཅས་ཡིན། དེ་དག་འཆང་བའི་སྐབས་སུ་མཛེས་སྡུག་ཧ་ཅང་མཐོང་། ཡང་ཡུལ་འདིའི་ཐུན་མིན་གྱི་སྲོལ་རྒྱུན་ནི། བླ་མ་བསྟན་པའི་སྒྲོན་མེས་བ་ལུང་མཚོ་ནས་ཀེང་བག་མང་པོ་གཏེར་དུ་བཞེས་སྟེ་སྲོལ་བཙུག་གནང་བའི་ལོ་གསུམ་རེའི་བར་མཚམས་དམངས་སྐུ་རིམ་དང་ཀེང་འཆམ་ཟེར་བ་ཐེར་གོང་ཕུད་དེ་ཀེང་འཆམ་རྒྱབ་པ་སོགས་དངོས་གཞི་ཉིན་གསུམ་རིང་གནང་སྲོལ་ཡོད་ལ། གུ་རུ་སྐལ་བཟང་དོན་ཡོད་བསྟན་འཛིན་གྱིས་སྲོལ་བཙུག་གནང་བའི་རང་ཟླ་བཞི་པ་དང་དྲུག་པའི་ནང་སྨྱུང གནས་དང་། རང་ཟླ་གསུམ་པ་དང་བདུན་པའི་ཚེས་བཅོ་ལྔ་ལ་ཆོས་སྐོར་བཅས་ལོ་ལྟར་གནང་སྲོལ་བཟང་པོ་བཅས་ཡོད་དོ།།

2019/03/21

ཚ་ཆུ་ཕུའི་ས་གནས་ཁག་གི་མིང་གནས་བྱུང་ཚུལ།


སྤུ་ན་ཁ་ཆུ་ཕུ་ཚ་ཆུའི་གནས་བདག་མཁར་ཆེན་གྱི་རྒྱབ་ཁུངས།

ཨོ་རྒྱན་རིན་པོ་ཆེ་དང་ དཔལ་ཡེ་ཤེས་མགོན་པོའི་ལུང་བསྟན་དུས་ལུ་བབས་ཏེ་ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་བཞེང་པའི་སྐབས་ གནས་བདག་གཞི་བདག་ཚུ་གིས་ རང་སོའི་ས་ཁོངས་ལས་བཅད་དེ་ ཕྱག་ཕྱིད་ཞུ་ནིའི་ཁས་བླངས་ཕུལ་བའི་སྐབས་ ཚ་ཆུ་ཕུ་གི་གནས་བདག་མཁར་ཆེན་གྱིས་ ས་ཁོངས་འདི་ ནགས་བཟང་ས་འབད་ནི་འདི་གིས་ ཅན་ལྡན། ཁ་ཤིང་། མཚན་ལྡན། སྟར་ཤིང་གི་རིགས་རྒྱགས་ཚད་ཡོདཔ་ལས་ ཤིང་གི་གཏེར་ཁ་ཕུལ་ནིའི་ཁས་བླངས་ཕུལ་ཏེ་ ཤིང་ཆས་ག་དེ་ཅིག་ ཕོ་ཆུ་བདའ་སྟེ་བསྐྱལ་བཏང་རུང་ རྫོང་བཞེང་ས་ལས་ ཤིང་ལང་པའི་བརྡ་ལན་ལྷོད་ནི་མེདཔ་ལས་ གནས་བདག་མཁར་ཆེན་གྱིས་ ལངམ་སྦྱིམ་སྒང་གི་ཟུར་ཁ་ལས་ རྫོང་བཞེང་སའི་ས་ཁོངས་ནང་གཡིབ་སྟེ་གཟིགསཔ་ ཞལ་ཕྱེད་ཀ་ཧོནམ་དང་ ཕྱེད་དཀརཔོ་སྦེ་བསྒྱུར་ཡར་སོངམ་མ་ཚད་ ཁ་ཆེ་སར་ཆད་སོང་ནི་འདི་གིས་ གནས་བདག་གི་མཚན་ཡང་ཁ་ཆདཔ་ཟེར་སླབ་ཨིནམ་སྦེ་ཁུངས་བཀལཝ་ཨིན་རུང་ གནས་པོའི་གསོལ་ཁ་ནང་ མཁར་ཆེན་དགྲ་ལྷ་ཡི་རྒྱལ་པོ་ཟེར་གསལ་ཏོག་ཏོ་སྦེ་བཀོད་དེ་ཡོད་ནི་འདི་གིས་ དེ་བ་ལྷག་པའི་བདེན་ཁུངས་བརྫངས་དགོཔ་མི་ནུག་ཟེར་མནོཝ་མས།

སྐྱེལ་པའི་ལོག 
ཆུ་ཕུ་ཚ་ཆུའི་གནས་བདག་གིས་ ཧེ་མའི་ཁ་ཚིག་དང་འཁྲིལ་ཏེ་ ཤིང་ཆས་ཕུལ་མ་བཏུབ་ཟེར་ སྤུངས་རྫོང་པའི་དམག་ཚུ་གིས་ དཔའ་རྟགས་གནམ་ཁར་འཕྱར། དགྲ་ལི་རླུང་ལུ་བསྐྱེལ། མེ་མདའ་པག་ཆེན་གྱི་འུར་སྒྲ་དང་བཅསཔ་སྦེ་ གནས་བདག་མཁར་ཆེན་བདའ་སྟེ་ ད་ལྟོ་བསྐྱེལ་པའི་ལོག་གཡུས་ཚན་ནང་དམག་འཐབ་པའི་ཤུལ་ལུ་ སྤུངས་རྫོང་པའི་དམག་ཚུ་ལོག་ཡར་སོ་ནི་འདི་གིས་ ས་ཁོངས་ཀྱི་མིང་ཡང་ལོག་པའི་ཐང་ཟེར་སླབ་ཨིནམ་སྦེ་བདེན་ཁུངས་བརྫངས་ནི་འདུག
ད་རུང་རྟིང་མ་སྤུངས་རྫོང་པའི་དམག་ཚུ་ ཚ་ཆུ་ཕུ་ལུ་འོངམ་ད་ གནས་བདག་མཁར་ཆེན་གྱིས་རྫུ་འཕྲུལ་བསྟན་ཏེ་ ལམ་ལྟག་ལས་ སྡེཔ་གུ་ལྕགས་སྐྱུར་ཏེ་དམག་རྐྱབ་སྟེ་འབད་རུང་ ལོག་རྟིང་མ་ སྤུངས་ཐང་རྫོང་གི་དོན་ལུ་ཤིང་ཆས་ཕུལ་ཡོདཔ་ཨིན་པས། ས་གནས་འདི་ནང་ ལམ་ལྟག་ལས་མར་རྡོ་བུད་འོང་སག་ས་སྦེ་ཡོད་མི་དང་ ཕྱག་བཤེད་རྡོ་གུ་བླུགས་པའི་གྲམ། ཆིབས་ཀྱི་ཆག་ཟ་སའི་ཤུལ་ཚུ་གསལ་ཏོག་ཏོ་སྦེ་ ད་ལྟོ་བར་ན་མཇལ་ནི་ཡོདཔ་ཨིན་པས།
བྱལ་སྒང་གི་རྒྱབ་ཁུངས།
ཤར་ཀ་གཞི་ལས་ མ་རྡོག་གཅིག་ལུ་བུ་རྡོག་གཅིག་ཨིན་མི་དོན་གྲུབ་ཟེར་ སྐྱེས་རིགཔ་བཟང་དྲགས་ཡོད་མི་འདི་ ཆུ་ཕུ་ཚ་ཆུ་ལྷོདཔ་ད་ གནས་བདག་མཁར་ཆེན་ལུ་གསོལ་ཁ་དང་ སྙན་གསོལ་ཕུལ་ཞིནམ་ལས་ ཆོས་རྒྱལ་དྲི་མེད་ཀུན་ལྡན་ ཐར་བཤུད་དཀའ་སྤྱད་གནང་སའི་རིའི་སྤྱི་ཏོ་གུ་ སྡོ་ཉམས་སྤྲོ་ནི་མས་ཟེར་ ག་གིས་བསྒོར་རུང་བསྒོར་མ་ཚུགས་པ་རྒྱབ་ཐལ་བའི་ཤུལ་ལུ་ རིའི་རྩེ་མོ་ལས་དུ་པ་བཏང་སར་ ཚ་ཆུ་སྡོད་མི་ཚུ་གིས་མཐོང་རུང་ ལོག་འོང་ནི་མེད་པར་ཡུན་རིངམ་ཡར་སོངཔ་ལས་ ཕམ་སྤུན་ཆ་ཚུ་སྔུམ་རལམ་འཐབ་སྟེ་ ཉིན་ནུབ་བདའ་སྦྱེལ་འཚོལ་རུང་མ་ཐོབ་པས། ཨིན་རུང་ཚར་གཅིག་འབདཝ་ད་ ཨའི་དང་ཕྱད་པར་འོང་སྟེ་ ང་བཅས་མ་སྨད་གཉིས་ཚེ་འདི་ལུ་ཕྱད་པའི་མཇུག་ད་རིས་ཨིན་པས། ང་ས་གནས་འདི་ཁ་ལས་བརྒལ་ཏེ་འགྱོ་མི་ཆོག་པའི་དམ་བཅའ་ཡོད་ཟེར་སླབ་ཞིནམ་ལས་ བང་ཅུང་ཁ་བཅད་བཅདཔ་ཅིག་ཨའི་ལུ་སྤྲོད་དེ་ ཞག་གསུམ་མ་ལང་ཚུན་ཁ་མ་ཕྱེ། ཞག་གསུམ་གྱི་རྟིང་མར་ཁ་ཕྱེ་བལྟ་ཟེར་སླབ་འབད་སྦེ་ མ་སྨད་གཉིས་ཁ་གྱེས་ཡར་སོང་ནུག དེ་ལས་ཨའི་གིས་ ཞག་གསུམ་གྱི་ཤུལ་ལས་བང་ཅུང་ཁ་ཕྱེ་སྟེ་ལྟཝ་ད་ དེའི་ནང་ན་ གཡུ། བྱུ་རུ། མུ་ཏིག ནོར་བུའི་བྱེ་བྲག་ཐང་མེདཔ་ཅིག་ཡོད་ནི་འདི་གིས་ ཁོང་བཟའ་ཚང་ཚུ་ཕྱུགཔོ་འདོད་དྲགས་ཅིག་ལུ་འགྱུར་སོ་ནུག ས་དབྱིབ་སྒང་དང་མ་སྨད་གཉིས་ཁ་བྱལ་ས་འབད་ནི་འདི་གིས་ ས་གནས་ཀྱི་མིང་ཡང་བྱལ་སྒང་ཟེར་སྲོལ་བྱུང་རུང་ ཤུལ་ལས་མིང་གི་ཟུར་ཉམས་ཏེ་ བྱལ་སྐད་སྒང་ཟེར་དར་ཁྱབ་སོང་ནུག
དེ་གིས་ཡང་མ་དོ་བར་ རོ་པའི་མགོ་སྐྱེས་ཞྭརཝ། ཤར་གྱི་ཨ་ལུ་དཔལ་འབྱོར་ཟེར་མི་ཚུ་ཡང་ གནས་བདག་མཁར་ཆེན་གྱི་འཁོར་སྦེ་ཚུད་དེ་ཡོདཔ་ཨིན་པས།
བུམ་ལྟག་ཁ་མིང་བཏགས་དགོ་པའི་ཁུངས།
མཁར་ཆེན་གྱི་གནས་ཁང་གི་སྒོ་ར་སྒོ་དང་པ་འདི་ ལངམ་སྦྱིས་སྒང་ལུ་ཨིནམ་མ་ཚད་ གཉིསཔ་འདི་བུམ་ལྟང་ཁར་ཨིན་པས། ས་ཁོངས་བུམ་པའི་དབྱིབས་བཟུམ་སྦེ་ཡོད་པའི་ལྟག་ལུ་འབད་ནི་འདི་གིས་ ས་གནས་ཀྱི་མིང་ཡང་བུམ་ལྟག་ཁ་ཟེར་སླབ་ཨིན་པས། ས་ཁོངས་དེ་ཡར་བཅད་ཀྱི་མི་སེར་ཚུ་ ཆུ་ཕུ་ཚ་ཆུ་ལུ་འགྱོཝ་ད་ ཕྱོགས་ཕོག་མི་ཕོག་བལྟ་མི་དགོཔ་ཨིན་པས།
སྐྱེལ་པའི་ལོག་ཟེར་བའི་མིང་གནས་བྱུང་ཚུལ།
ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་ཞབས་སྐྱེལ་འོང་མི་ཚུ་ ས་གནས་དེ་ཁ་ལས་ལོག་ རྒྱ་གར་ནང་སོང་ནི་འདི་གིས་ ས་ཁོངས་ཀྱི་མིང་ཡང་སྐྱེལ་པའི་ལོག་ཟེར་སླབ་སྲོལ་བྱུང་ནུག
སླབ་སྲོལ་གཞན་ཅིག་ལས་ ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་ ཚ་ཆུ་ཕུ་ཁ་ཐུག་ལུ་ཞབས་སྐོར་ལུ་བྱོནམ་ད་ གཡུས་ཚན་འདི་ནང་གི་མི་སེར་ཚུ་གིས་ བློ་ཕོག་ཡིད་ཕོག་སྦེ་ ཆོས་རྗེ་རིན་པོ་ཆེ་ལུ་ ཆབ་ཆུ་འབོལ་ཚད་མེདཔ་སྦེ་དྲང་ནི་འདི་གིས་ གནམ་མེད་ས་མེད་ཐུགས་དགྱེས་ཏེ་ ཁྱིམ་འདི་ནང་འདོད་ཡོན་གྱི་བསྐལཔ་ཆགས་ནུག་ཟེར་གསུངས་ཞིནམ་ལས་ ཡ་གི་ས་གནས་ནང་བྱཱ་འཚོ་ག་མི་འཚོ་ལྟ་གེ་ཟེར་ ཞལ་ཆུ་ཕུ་ཚ་ཆུ་ཁ་ཐུག་ལུ་བསྒོར་ཏེ་ ཐུགས་སྨོན་གནང་ཞིནམ་ལས་ ཕྱག་འབྲུ་སྟོར་གནངམ་ད་ འབྲུ་ཕུད་རྡོག་གསུམ་འབད་མི་ཅིག་ཧུམ་པ་ཐང་གི་ལྟག་ རྡོག་ཕུག་གཅིག་གུ་ཆགས་པའི་རྟེན་འབྲེལ་གྱིས་ གཡུས་ཚན་འདི་ས་ཁ་མཐོ་སུ་ཅིག་ཨིན་རུང་ བྱཱ་འཚོཔ་མ་ཚད་ ད་རིས་ནངས་པ་ཡང་རྡོག་ཕུག་གུ་བྱཱ་བོང་ཁོགས་གསུམ་ཡ་མཚན་ཆེ་ཏོག་ཏོ་སྦེ་སྐྱེས་ཏེ་ཡོདཔ་ཨིན་པས། ཆོས་རྗེ་རིན་པོ་ཆེ་གིས་ ཁྱིམ་འདི་ནང་འདོད་ཡོན་གྱི་བསྐལཔ་ཆགས་ནུག་ཟེར་གསུངསམ་མ་ཚད་ ས་ཁོངས་འདི་ཁ་ལས་ ལོག་སྤུངས་ཁ་ཐང་ཁ་ཐུག་བྱོན་ནི་འདི་གིས་ ས་གནས་ཀྱི་མིང་བསྐལ་པའི་ལོག་ཟེར་དར་ཁྱབ་སོང་ནུག
རྟ་མི་ཨ་ལུ་ཟ་ས།
ཧེ་མའི་དུས་ལུ་ རྟ་མི་འདམ་ཆིའི་ཨམ་སྲུ་ཚུ་གིས་ ཨ་ལུ་ག་དེམ་ཅིག་སྐྱེས་རུང་ མི་གསོ་དོ་ཡོདཔ་ལས་ གཡུས་ཁའི་མི་ཚུ་གྱོས་སྐོར་བསྡུ་སྟེ་ ག་ཅི་གིས་གཡོ་འཕྲུལ་ཅིག་ཨིན་ན་ཟེར་ཐུགས་བརྟག་ཞུཝ་ད། གཡུས་ཚན་གྱི་གདོང་ཕྱོགས་ལུ་ བྱག་གུ་སྲིན་པོའི་གཟུགས་བརྙན་ཡོད་ནི་འདི་གིས་ཨིནམ་ལས་ གཡུས་མི་ཚུ་གིས་ སྲིན་པོའི་མཆེཝ་གི་ཚུལ་སྦེ་ཡོད་མི་རྡོ་སྤོག་བཀོ་ཞིན་ན་ལས་ཚུར་ ཧེ་མ་བཟུམ་སྦེ་གནོད་རྐྱེན་མ་བྱུངམ་པས་བཤདཔ་ཨིན་པས།
མཁར་ཆེན་པའི་མར་ཁུ་བཙིར་ས།
གནས་བདག་མཁར་ཆེན་གྱི་ མར་ཁུ་བཙིར་ས་ཨིན་ཟེར་ རྡོ་ཕུག་ཅིག་ཡོད་མི་འདི་ ཚོས་གཞི་སྨུག་ཙིག་ཙི་ཧུམ་ཆོབ་ཆོ་སྦེ་ཡོད་པ་ཅིན་ གཡུས་ཁར་སྤང་ཙི་ལོ་ལེགས་པའི་རྟགས་དང་ གནས་རྡོ་འདི་ཐལ་ཁོགས་རི་རི་ཨིན་པ་ཅིན་ སྤང་ཙི་ལོ་མི་ལེགསཔ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་པས།

ཁུངས་སྐྱེལ་མི་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཚོགས་ཆུང་གི་འཐུས་མི་ ཆེད་བསྟོད་ཅན་གྱི་འཐུས་མི་བགྲེསཔ་རྣམ་རྒྱལ་དབང་ཕྱུག་ཨིན། ཨིན་རུང་ཝི་ཅེཊ་སྡེ་ཚན་ནང་ཉན་ཏེ་ བྲིས་བྲིསཝ་འབད་ནི་འདི་གིས་ དུམ་གྲ་རེ་ལྷག་ཆད་ཞུགས་ཞུགསཔ་འོང་། དེ་འབད་ནི་འདི་གིས་ ཟིན་བྲིས་ཨིན་པའི་ཐུགས་བཞེད་གནང་སྟེ་ ཧེང་སྐལ་ཁུངས་སྐྱེལ་ནི་དང་ བཅོ་ཁ་རྐྱབ་དགོཔ་ཡོད་པ་ཅིན་ དེ་འཕྲལ་ལས་གསུངས་གནང་ལགས།

2018/09/05

སྦོང་སྒོར་ཟེར་བའི་མིང་བྱུང་ཚུལ།

ཆུ་ཁ་རྫོང་ཁག་གི་འོག་ལུ་ཨིན་མི་ སྦོང་སྒོར་གཡུས་ཚན་འདི་ བརྒྱད་འདུག་ལས་ཀི་ལོམི་ཊར་༥དེ་ཅིག་གི་ས་ཁར་ སྣུམ་འཁོར་ལམ་འོག་ལས་མར་ལྟ་སྟེ་ ལུངམ་ནང་འབབ་སྟེ་ ཝང་ཆུ་བརྒལ་ཞིནམ་ལས་ཁ་ཡར་ལྟ་སྟེ་ ཆུ་ཚོད་ཕྱེད་དང་གཉིས་ཀྱི་ས་ཁར་ སྦོང་སྒོར་གཡུས་ཚན་འདི་ ག་ནེ་བ་ཉམས་དགའ་ཏོག་ཏོ་སྦེ་ཆགས་ཏེ་འདུག 
དེ་བསྒང་བོད་རྒྱལ་ཁབ་འདི་ རྒྱ་ནག་གིས་དབང་པའི་སྐབས་ བོདཔ་ཚུ་འབྲུག་རྒྱལ་ཁབ་བརྒྱུད་དེ་ རྒྱ་གར་རྒྱལ་ཁབ་ནང་འགྱོ་བའི་སྐབས་ ས་ཁོངས་འདི་ནང་སྒར་བཏབ་སྟེ་ འདི་ནང་ང་བཅས་ཀྱིས་འབངམ་ཨིན་ཟེར་སླབ་ནི་འདི་གིས་ ས་གནས་ཀྱི་མིང་འབང་སྒོར་ཟེར་དར་ཁྱབ་སོང་ནུག
སླབ་སྲོལ་གཅིག་ལས་འབདན་ རིའི་བཟོ་རྣམ་བོང་ཀུའི་མགུ་ཏོ་བཟུམ་སྦེ་ཡོད་ནི་འདི་གིས་ ས་གནས་ཀྱི་མིང་ཡང་བོང་མགོ་ཟེར་བཏགས་བཏགསཔ་ཨིནམ་སྦེ་བཤདཔ་ཨིན་པས།

འབྲི་མི་ མཁྱེན་རབ།

2018/08/29

སྐྱེངས་མཁར་གྱི་མིང་གནས་ཆགས་ཚུལ།

ཧེ་མ་ལས་ར་གཡུས་ཀྱི་མིང་ ཡིག་ཐོག་ལུ་སྐྱེངས་མཁར་ཟེར་འབྲི་སྲོལ་ཡོད་རུང་ ལ་ལུ་ཅིག་གིས་ཁུངས་བཀལ་དོ་བཟུམ་སྦེ་འབད་བ་ཅིན་ སྔོན་དང་ཕུ་ལྷ་སྲས་གཙང་མའི་སྲས་སྦོམ་ཤོས་ཅིག་གིས་ ས་ཁོངས་འདི་ནང་ལྷོད་དེ་ ཕོ་བྲང་བཞེངས་ཡོདཔ་ད། གཅེན་ཟེར་མི་འདི་སྤུན་ཆ་སྦོམ་ཤོས་ལུ་སླབ་ནི་འདི་གིས་ ས་གནས་ཀྱི་མིང་གཅེན་མཁར་ཟེར་ཨིནམ་སྦེ་བཤདཔ་ཨིན་པས། 

ཨིན་རུང་ཞིབ་འཚོལཔ་ལ་ལུ་གིས་འབདན་ གཡུས་ཀྱི་ལྟག་ལུ་རྡོའི་བཟོ་རྣམ་ དུར་ཁྲོད་བདག་མོའི་མགུ་ཏོ་བཟུམ་སྦེ་ཡོད་ནི་འདི་གིས་ ས་གནས་ཀྱི་མིང་ཡང་ཀེང་་མཁར་ཟེར་བཏགས་ཡོདཔ་སྦེ་ཨིན་པས། 
ཨོ་རྒྱན་རིན་པོ་ཆེ་གི་གནས་དོམ་ཚང་རོང་ཟེར་མི་དེ་ཡང་ སྐྱེངས་མཁར་ལུ་ཡོདཔ་ཨིན་པས།
སྐྱེངས་མཁརཔ་ཚུའི་ འཚོ་བ་གཙོ་བོ་ཕྱག་བསིལ་ཇ་དོམ་བཟོ་སྟེ་ཕར་ཚུར་བཙོང་ཞིནམ་ལས་ མི་ཚེ་སྐྱོང་དོ་ཡོདཔ་ཨིན་པས།
ར་ཁུངས་བཀལ་མི་ ཨ་བརྒྱ་བསོད་ནམས་སྟོབས་རྒྱས།

2018/08/28

ལྗོངས་ཐང་།

ཀྲོང་གསར་རྫོང་ཁག་ ནུབ་སྦི་རྒེད་འོག་ལུ་ཆགས་ཏེ་ཡོད་མི་ ལྗོངས་ཐང་གཡུས་ཚན་འདི་ རྫོང་ཁག་ལྟེ་བ་ལས་ནུབ་ཁ་ཐུག་ལུ་ཕོགཔ་ཨིན། 
ས་ཁོངས་འདི་ལྗོན་ཤིང་སྣ་ཚོགས་ཀྱིས་མཐའ་བསྐོར་ཏེ་ ཧོ་ལྗོང་ལྗོ་སྦེ་ཡོདཔ་མ་ཚད་ གཡུས་ཚན་འདི་ས་ཁ་མཐོ་ས་ཆགས་ཏེ་ཡོད་ནི་འདི་གིས་ ཧེ་མ་གཡུས་ཀྱི་མིང་ལྗོངས་མཐོ་ཟེར་སླབ་དོཝ་ཨིན་རུང་ བར་སྐབས་ཅིག་ལས་མིང་གི་ཟུར་ཉམས་ཏེ་ གྱོང་ཐང་ཟེར་དར་ཁྱབ་སོང་ནུག ཨིན་རུང་རྒན་ཤོས་ལ་ལུ་གིས་འབདན་ ས་ཁོངས་འདི་ནང་ འབྲོང་གིམ་ཙི་མང་སུ་འཁྱམ་སྟེ་སྡོད་དོ་ཡོདཔ་ལས་ ས་གནས་ཀྱི་མིང་ཡང་འབྲོང་ཐང་ཟེར་ཡང་སླབ་སྲོལ་འདུག་ཟེར་ཨིན་པས།

སྐྱིད་བདེ་མཁར་གྱི་རྒྱབ་ཁུངས།

༉ མོང་སྒར་རྫོང་ཁག་ མོང་སྒར་རྒེད་འོག་ལུ་ཡོད་པའི་ སྐྱིད་བདེ་མཁར་ཟེར་བའི་གཡུས་ཚན་འདི་ མོང་སྒར་ཁྲོམ་ཁ་ལས་ཤར་ཕྱོགས་བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༥་དེ་ཅིག་གི་ས་ཁར་ ས་ཁོངས་ག་ནི་བ་ཉམས་དགའ་ཏོག་ཏོ་ཅིག་ཁར་ཆགས་ཏེ་ཡོད། གཡུས་ཚན་གྱི་ཤར་ཁ་ཐུག་ ཀོ་རི་ལ་ཝ་དི་པའི་གུ་རུ་གི་གནས་དང་ གངས་རི་ཚུ་གིས་བརྒྱན་ཏེ་ ལྷོ་ཕྱོགས་གཡུས་སྟོད་ལུ་ ཐང་ག་ནི་བ་ཉམས་དགའ་ཏོག་ཏོ་པདྨའི་མོའི་སྒམ་ཐང་དང་ འཕགས་པའི་ཞིང་མཆོག་ལབ་རྩེའི་འོག་ལུ་དང་ ནུབ་ཕྱོགས་སུ་མཐོ་བའི་ཤ་མེ་ལ་གི་མཛེས་ཆ་དང་ལྡན་ བྱང་ཁ་ཐུག་ལུ་བཙན་ཕུག་སྒྲུབ་སྡེའི་གི་རི་དང་མཐོང་རྒྱ་ཆེ་བའི་ སྟག་ཆུ་དགོན་པའི་གདོང་བསྒོར་ ཕར་ལས་བལྟཝ་ད་དབྱིབས་དུང་དཀར་གཡས་འཁྱིལ་བཟུམ་སྦེ་ སྤྱིལ་གཞོལ་བདེ་ཏོག་ཏོ་གུ་ཆགས་ཏེ་ཡོདཔ་ཨིན། 
གཡུས་ཚན་འདི་གི་མིང་ལུ་ ཧེ་མ་སྐྱིད་ལི་མཁར་ཟེར་སླབ་ཨིན་རུང་ བར་སྐབས་ཅིག་ལས་ སྐྱིད་བདེ་མཁར་ཟེར་དར་ཁྱབ་སོང་ནུག སྐྱིད་བདེ་མཁར་ཟེར་སླབ་དགོ་པའི་རྒྱུ་མཚན་འདི་ཡང་ སྤྱི་ལོ་༢༠༠༦་སྐོར་ཆ་ལུ་ སྐྱབས་རྗེ་རིན་པོ་ཆེ་ ཁྲི་རབས་༧༠་པ་མཆོག་གིས་དབུ་གཙོས་པའི་ སྐྱིད་བདེ་མཁར་བཤད་གྲྭ་གི་མཁན་པོ་དང་པ་ བླམ་ངག་དབང་བསྟན་འཛིན་དང་ བཀྲ་ཤིས་སྒང་གྲྭ་ཚང་གི་བླམ་གནས་བརྟན་མཁན་པོ་བླམ་ཀརྨ་རང་གྲོལ་ ཁོང་བླ་སྤྲུལ་ཚུ་གི་ཐུགས་བཞེད་ལུ་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ ད་རུང་བཤད་གྲྭ་ཅིག་རྒྱ་བསྐྱེད་ གནང་དགོ་པས་ཟེར་གྲོས་བསྟུན་མཛད་དེ་ཞལ་འཆམ་བྱུང་ནུག
དེ་ལས་བཤད་གྲྭ་ཆགས་ནིའི་དོན་ལུ་ ས་སྒོ་ཚུ་ངོས་འཛིན་འབད་དེ་བཞུགསཔ་ད་ ཚར་གཅིག་སྐྱབས་རྗེ་རིན་པོ་ཆེ་མཆོག་ དགུང་ཞག་མོང་སྒར་གྲྭ་ཚང་ནང་ལུ་བཞུགས་པའི་སྐབས་ ད་ལྟོ་ཟངས་མདོག་དཔལ་རི་ཆགས་ཏེ་ཡོད་པའི་ ས་ཆ་འདི་འཕྲལ་འཕྲལ་རང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཉམས་སྣང་ལུ་གཟིགས་ཏེ་ བཤད་གྲྭ་ཆགས་ནི་གི་ ལུང་སྟོན་གནང་ནུག་ བསོད་ནམས་བྲེ་གི་རྫོགས་རུང་ཕུད་ཀྱི་མ་རྫོགས་ཟེར་བའི་དཔྱེ་བཟུམ་ གཡུས་སྒོ་འདི་ནང་གི་མི་ཚུ་གི་བསོད་ནམས་དང་ ཆོས་ཀྱི་ལས་འཕྲོ་ དེ་ལས་རིན་པོ་ཆེ་གི་ལུང་བསྟན་དང་བྱིན་རླབས་ཚུ་ག་ར་ རྟེན་འབྲེལ་ཕུན་སུམ་ཚོགས་ཏེ་ ག་ནི་བ་རྩ་ཆེ་བའི་ཟངས་མདོག་དཔལ་རི་བཞེངས་གནང་སྟེ་ མཚན་ཡང་ལུང་རྟོགས་ཆོས་ཀྱི་དགའ་ཚལ་ཟེར་གསོལ་གནང་ནུག
ཤད་གྲྭ་ནི་ལས་བརྟེན་ཏེ་ སྤྱིར་འགྲོ་བ་སེམས་ཅན་དང་ འདིའི་ནང་ལས་ཡང་ གཡུས་ཚན་འདི་ནང་གི་མི་ཚུ་ མ་འོངས་པ་ལུ་ ནང་སེམས་སྐྱིད་པའི་ཉམས་དང་ལྡན་ཏེ་ཕྱིའི་ལུས་བདེ་ཞིང་ དཔལ་གྱི་བྱོར་པ་ཆ་མཉམ་མཁར་འདི་ནང་བརྩེག་པའི་ལུང་བསྟན་དང་ སྐྱབས་རྗེ་རིན་པོ་ཆེ་གིས་ཐུགས་སྨོན་དང་བཅས་ གཡུས་ཀྱི་མིང་སྐྱིད་བདེ་མཁར་ཟེར་སོར་གནང་ནུག 
གཡུས་ཚན་འདི་ནང་ལུ་ ལོ་ཐོག་གི་རིག་སྤྱིར་བཏང་འབྲུ་སྣ་དགུའི་རིག་ཆ་མཉམ་ཚོ་ཚུགསཔ་ཨིན་རུང་ འབྲུག་སྣའི་རིགས་ལས་གེ་ཟ་དང་ཚོད་སྲེ་ཀེ་བ་དང་ ལ་ཕུ་ དེ་ལས་ཨེ་མ་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་མ་ཚད་ ཤིང་འབྲས་ཨེ་པཱལ་དང་ ཁམ་ པཱལམ་ གླི་དང་ཨཱན་འབྲས་ཚུ་ལེགས་ཤོམ་སྦེ་འཚོ་དོ་ཡོདཔ་ལས་དངུལ་གྱི་འོང་འབབ་ལས་བརྟེན་མི་ཚེ་སྐྱོང་དོ་ཡོདཔ་ཨིན། 
དེ་ལས་སྒོ་ནོར་སེམས་ཅན་ གསོ་སྐྱོང་གི་ཐད་ཁར་ཧེ་མ་འབད་བ་ཅིན་ བྱ་དང་ཕགཔ་ཚུ་གསོ་བའི་ལོ་རྒྱུས་ཡོད་རུང་ ད་རེས་ནངས་པ་ནོར་གསོ་ནི་ལུ་ དང་འདོད་བསྐྱེད་དོ་ཡོདཔ་ཨིན། 
གཡུས་ཚན་འདི་ནང་ལུ་གཞན་དང་མ་འདྲ་བའི་ ལམ་སྲོལ་ཅིག་ ལོ་གཉིས་ཀྱི་བར་ན་ཚར་རེ་ དུས་ཟ་ཟེར་རང་ཟླ་༥་པའི་ཚེས་༨་ལས་༡༠་ཚུན་ ཉིན་གྲངས་གསུམ་གྱི་རིང་ ལྷ་གསོལ་བོན་གསོལ་བརྩི་སྲུང་ཞུ་སྲོལ་མ་ཉམས་པར་ཡོདཔ་ཨིན།

མདའ་ལྟོང་དགོན་པའི་ཆགས་རབས།


༉ འགྲོ་བའི་མགོན་པོ་ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་ དཔལ་ལྡན་དུད་སོལ་ལྷ་མོའི་ལུང་བསྟན་དང་འཁྲིལ་ཏེ་ ལྷོ་ལྗོངས་འགྲོ་བའི་དཔལ་ལུ་བྱོན་ནིའི་རྟེན་འབྲེལ་ལུ་ ཐུགས་སྨོན་གནང་སྟེ་ ཡར་འབྲོག་སྣང་དཀར་རྩེ་ལས་ ཕྱག་མདའ་ཡ་གཅིག་གནང་མི་འདི་ ཐིམ་ཕུག་རྣམ་སྲས་གླིང་གི་གདོང་སྐོར་ རིའི་སྤྱི་ཏོ་གུ་ལས་རྡོ་ཀྱོང་ལ་བརྒྱུད་དེ་སྟོདཔ་ལུང་འགྱམ་འོག་མ་ དཔལ་བཟང་བུ་ཁྲིད་ཀྱི་ཁྱིམ་གྱི་ཨེ་ཁུ་གུ་ཕོག་ཡོདཔ་ལས་ མདའི་ལྟོང་རེག་སའི་ས་ཁོངས་ནང་ ཡོངས་འཛིན་ངག་དབང་གྲགས་པ་གིས་གདན་བཅགས་གནང་སྟེ་ ལྷ་ཁང་གི་མཚན་མདའ་ལྟོང་དགོན་པ་ཟེར་བཏགས་གནང་ནུག
ཆོས་རྗེ་རིན་པོ་ཆེའི་ཕྱག་མདའ་གིས་ ལའི་སྤྱི་ཏོ་གུ་རེག་ཡོདཔ་ལས་ མདའ་ལྕགས་ལ་ཟེར་སླབ་ཨིན་རུང་ རྟིང་མ་མིང་གི་ཟུར་ཉམས་ཏེ་ རྡོ་ཀྱོ་ལ་ཟེར་སླབ་པའི་ལོ་རྒྱུས་འདུག ཨིན་རུང་ངང་པའི་ལྟོང་ཉེ་དང་ རྡོ་ཀྱོང་ལའི་བར་ན་རིང་ཐུང་ཐག་རིང་ཐུང་ཧ་ལམ་ཅིག་ཡོད་འདུག་ དེ་འབད་ནི་འདི་གིས་གཞོན་ཅུང་ཚུ་གིས་བརྟག་དཔྱད་གནང་དགོཔ་འདུག
ང་བཅས་རའི་སླབ་སྲོལ་ལུ་ཡང་ མདའ་ལྟོངཔ་དང་འགྱན་ཏེ་འཆམ་མ་རྐྱབ། །མཚམས་བྲགཔ་དང་འགྱན་ཏེ་རྔ་མ་བརྡུང་། །སྤྱི་ཞིངཔ་དང་འགྱན་ཏེ་དུང་མ་འཕུ། །སྤ་གརཔ་དང་རྒྱན་ཏེ་ཆོས་མ་ལྷག །ཟེར་སླབ་དོ་ཡོད་མི་དེ་ཡང་ མདའ་ལྟོང་དགོན་པར་ གཏེར་ལས་བྱོན་མི་ཤཝ་གི་ཞལ་འབགཔ་ཅིག་ཡོད་ནི་འདི་གིས་ཨིན་པས།
ལོ་ངོ་གཉིས་ཀྱི་བར་ན་ཚར་རེ་ ཚེས་བཅུ་མཇལ་ཁ་གནང་སྲོལ་ཡོད་མི་འདི་ རྒསཔ་དང་རྒནམ་གཉིས་ཀྱིས་ཆབ་སྦྱོར་བའི་ཚུལ་བསྟན་སྲོལ་ཡོད་རུང་ བར་སྐབས་ཅིག་ལས་ ཁྲོམ་འཛོམས་སར་དེ་སྦེ་འབད་ནི་འདི་མི་བཏུབ་པས་ཟེར་བཞག་དཔ་ལས་ དེའི་ལོ་ལས་གཡུས་འདི་ནང་གི་ཨམ་སྲུ་ཚུ་ལུ་ ཨ་ལུ་ཆགས་ནི་མེདཔ་ལས་ ལོ་མོ་བཏབ་ད་ ཧེ་མ་གི་ལུགས་སྲོལ་ག་ཨིནམ་སྦེ་འབད་དགོཔ་སྦེ་ མོ་ཁར་འཆརཝ་ལས་བརྟེན་ སྔོན་མ་བཟུམ་སྦེ་ར་བརྩི་སྲུང་ཞུ་བའི་ལོ་རྒྱུས་འདུག
གདན་ས་འདི་ཕུ་ལུ་བཅར་སུ་འཚམས་ཅིག་འབད་ནི་འདི་གིས་ འབད་འབད་བཅའ་བཅའ་འབདཝ་ད་སྟབས་མ་བདེཝ་ལས་ གཡུས་ཚན་གྱི་སྦོ་ལོགས་ཁར་ ལྷ་ཁང་བཞེངས་ནིའི་དོན་ལུ་ མི་སེར་ལས་ ས་ཀོཝ་གང་ལྷང་མི་འདི་ གྱིམ་ཙེ་གིས་ཕྱ་སི་སི་སྦེ་དྲ་ཞིནམ་ལས་ བསྐོར་ར་རྐྱབ་སྤྲིངས་ཏེ་ ནང་ན་ཚུད་མི་ས་ཁོངས་འདི་ནང་ལྷ་ཁང་བཞེངས་གནང་བའི་ལོ་རྒྱུས་འདུག།
           ཁུངས་སྐྱེལ་མི་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཚོགས་ཆུང་གི་འཐུས་མི་དཀོན་མཆོག་ཚེ་རིང་།

ཐུགས་ཁར་བསྣམ་དགོཔ། ལྟག་ལུ་བཀོད་དེ་ཡོད་མི་འདི་ ཁུངས་དག་ཏོག་ཏོ་དང་ མཐའ་དཔྱད་ཞུན་དག་འབད་འབདཝ་མེན་རུང་། མཁས་མཆོག་དང་ ཐུགས་རྒྱུས་ཡོད་མི་ཆ་ཁྱབ་ཀྱིས་ བཅོ་ཁ་རྐྱབ་སྟེ་གནང་འོང་མནོ་བའི་རེ་བ་བསྐྱེད་དེ་ཕུལ་ཕུལཝ་ཨིན།                              





ཕྲལ་གྱི་གནད་དོན།

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

  མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...