2018/03/27

རུདཔ་སེམས་སྐྱོ།


དབང་འདུས་རྫོང་ཁག་ རུད་པའི་རྒེད་འོག་ལུ་ཆགས་ཏེ་ཡོད་མི་ རུད་པ་སེམས་སྐྱོ་དེ་ཡང་ མཁན་ཁྲི་༩པ་རྗེ་མཁན་རྒྱལ་བ་ཤཱཀྱ་རིན་ཆེ་མཆོག་ སྐུ་ན་ཆུང་ཀུ་བསྒང་ལས་ དྲིན་ཅན་གྱི་ཡབ་ཡུམ་གཉིས་དགོངས་པ་རྫོགས་པའི་ཤུལ་ལུ་ ཨ་ནེ་གིས་གསོ་བའི་སྐབས་ལུ་ གསོལ་ཚོགས་ནང་ལུ་གོ་ཐལ་བཏབ་དྲང་མི་ལུ་ ཐུགས་འཁྲུལ་བའི་ཚུལ་བསྟནམ་ལས་ གཡུས་ཀྱི་མིང་སེམས་སྐྱོ་ཟེར་དར་ནུག

དཀར་གཞོང་།


ཀྲོང་གསར་ལུ་ས་གནས་ཀྱི་མིང་དཀར་གཞོང་ཟེར་མི་འདི་ རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་ བོད་ཁ་བ་ཅན་གྱི་ལྷོ་ཕྱོགས་ འབྲུག་རྒྱལ་ཁབ་ཀྱི་ས་ཡི་ལྟེ་བ་ དབུས་ཕྱོགས་ཀྲོང་གསར་རྫོང་ཁག་ ནུབ་སྦི་རྒེད་འོག་ལུ་ཆགས་ཏེ་ཡོད། 
གཡུས་ཚན་འདི་ནང་གི་མི་ཚུ་ གཤིས་རྒྱུད་བཟང་དྲགས་དང་ བྱཝ་སྤྱོད་ལམ་ཟབ་ཏོག་ཏོ་ དཀར་ཕྱོགས་ཀྱི་དགེ་བ་སྒྲུབ་ནི་ལུ་ ལྷག་བསམ་དྭངས་དཀརཝ་མ་ཚད་ སའི་དབྱིབས་གཞོངམ་དང་ཆ་འདྲཝ། གངས་དཀར་སྤུན་གསུམ་ལས་འབབ་པའི ་མང་སྡེ་ཆུ་དེ་ཡང་མདོག་དཀར་བའི་གུ་ འབྲུ་སྣ་དགུ་དང་ ཤིང་འབྲས་ཀྱི་རིགས་ཚུ་ལྷམ་ཚང་འཚོཔ་མ་ཚད་ ག་ཅི་ར་ཨིན་རུང་ རང་བཞིན་གྱི་ཕུན་སུམ་ཚོགས་པའི་རྒྱུ་མཚན་གྱིས་ གཡུས་ཀྱི་མིང་ཡང་དཀར་གཞོང་ཟེར་ སྒྲ་རྗེས་སྒྲུབ་སྦེ་བཏགས་ནུག 
སླབ་སྲོལ་གཅིག་ལས་ ཕགཔ་ཕོ་མོ་གཉིས་ཀྱིས་ ས་ཁོངས་ཟངས་གཞོང་ཁ་སྤུབ་བཞག་བཞགཔ་བཟུམ་གུ་ ཚང་བཟོ་ཡོད་མི་གུ་ གཡུས་ཆགས་ཡོདཔ་ལས་ དཀར་གཞོང་ཟེར་བའི་མིང་གནས་བྱུང་ནུག དེ་ཡང་མང་སྡེ་པའི་ཁ་སྐད་ནང་ཕག་པའི་ཚང་ལུ་ དཀར་ཟེར་སླབ་དོ་ཡོདཔ་ཨིན་པས།

སིན་ལུང་དགོན་པ།


ལྷ་ཁང་གི་སྦོ་ལོགས་ཁར་ཅན་དན་ཤིང་གི་རྩ་བར་ མཚོ་ཅིག་ཡོད་མི་འདི་ སྔོན་མ་གཡུས་ཀྱི་ལྟག་ལུ་ཨིན་རུང་ བར་སྐབས་ཅིག་ཁར་ གོང་མའི་ལུང་བསྟན་དུས་ལུ་བབས་ཏེ་ མཚོ་གནས་སྤོ་འགྱོ་བའི་སྐབས་ ད་ལྟོ་གཡུས་ཚན་ཡོད་སར་ལྷོདཔ་ད་ མཚོ་སྨན་གྱི་བུ་མོའི་སིན་ཅུང་ས་ཁར་ཤོརཝ་ད་ སི་ལིང་ཟེར་བའི་སྒྲ་སྐད་བྱུངམ་ལས་ སི་ལུང་ཟེར་བའི་མིང་གནས་བྱུང་ནུག

བར་གཤོང་།


ཐིམ་ཕུག་རྡོར་གདན་ན་དང་ གླིང་བཞིའི་བར་ན་ཆགས་ཏེ་ཡོད་པའི་ བར་གཤོང་གཡུས་ཚན་འདི་ བོད་ཀྱི་ས་གནས་བར་རི་ལས་ གསེར་བྲིསམ་ཆོས་པོ་ཏི་གཅིག་འཕུར་ཏེ་ ས་ཁོངས་འདི་ཁར་ཆགས་ཡོདཔ་ལས་ ས་གནས་ཀྱི་མིང་བར་གཤོང་ཟེར་དར་ནུག

ཨ་བརྒྱ།


ཨོཾ་ ཨོཾ་བྷ་གནས། ཨཱ་ ཨཱ་བརྒྱ་གནས། ཧཱུཾ྇ཾ་ ཤྲཱི་མུ་ཧཱུཾ་ ཨོ་རྒྱན་རིན་པོ་ཆེ་གིས་ ཡིགུ་ཨཱ་བརྒྱ་གཅིག་གཏེར་ལུ་སྦ་གནང་ཡོདཔ་ལས་ ཨཱ་བརྒྱ་ཟེར་སླབ་ཨིནམ་སྦེ་བཤད་སྲོལ་འདུག 
བཤད་སྲོལ་གཞན་ཅིག་ལས་འབད་བ་ཅིན་ ཨོ་རྒྱན་རིན་པོ་ཆེ་གིས་ ལྷ་སྲིན་གདུག་པ་ཅན་ཚུ་བཏུལ་ཏེ་ ཇི་སྲིད་འཁོར་མ་སྟོང་གི་བར་ན་ ལོང་ནི་མེདཔ་སྦེ་བཀའ་དང་དམ་འོག་ལུ་བཙུགས་གནང་སྟེ་ སཱ་མ་ཡ་རྒྱ་རྒྱ་རྒྱ་ན་རཀ་ཀན་ཟེར་ ཕྱག་ཐམ་གནང་ཡོདཔ་ལས་ ས་གནས་ཀྱི་མིང་ཡང་ཨ་རྒྱ་ཟེར་དར་ཁྱབ་སོང་ཡོདཔ་ཐད་རི་བ་རི་ཨིན་པས།

མཐིལ་ལེ་གཡུས་ཚན།


གཡུས་ཚན་ཆགས་སའི་ས་ཁོངས་འདི་ ལག་མཐིལ་བཟུམ་སྦེ་ ཐང་སྙོམ་ཏོག་ཏོ་སྦེ་ཡོད་ནི་འདི་གིས་ གཡུས་ཚན་གྱི་མིང་ཡང་མཐིལ་ལེ་ཟེར་དར་ནུག

ཕྲལ་གྱི་གནད་དོན།

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

  མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...